འདས་པའི་ལོ་ངོ་གཉིས་མ་ཟིན་གྱི་རིང་ལ། ཡུ་རོབ་ཏུ་རྒྱ་ནག་གི་གློག་སྐོར་རླངས་འཁོར་བཙོང་ཚད་ལྡབ་གཅིག་གིས་མང་རུ་ཕྱིན་པས། ཡུ་རོབ་ཀྱི་རླངས་འཁོར་བཟོ་སྐྲུན་ཁང་དག་གིས་ཉེན་ཟོན་ཆེན་པོ་བྱེད་བཞིན་པ་དང་། སྒོ་ཁྲལ་རྒྱག་སྟངས་གསར་བ་ཞིག་འཛུགས་རྒྱུའི་འཆར་གཞི་འཐེན་གྱི་ཡོད་པའི་གནས་ཚུལ་དཀོན་མཆོག་དོན་གྲུབ་ཀྱིས་སྙན་སྒྲོན་ཞུ།
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།