ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

རྒྱལ་སྲུང་སློབ་གསོའི་ཁྲིམས་དང་སློབ་ཆུང་ནས་ཕྱི་དགྲ་ངོས་འཛིན།


རྒྱ་ནག་ཧྲན་ཞི་རུ་སློབ་ཆུང་སློབ་མ་ཚོར་དམག་སྦྱོང་སྤྲོད་བཞིན་པ།
རྒྱ་ནག་ཧྲན་ཞི་རུ་སློབ་ཆུང་སློབ་མ་ཚོར་དམག་སྦྱོང་སྤྲོད་བཞིན་པ།

འཛམ་གླིང་སྤྱི་ཡོངས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་མི་མང་གིས་རྒྱ་ནག་དམར་ཤོག་གཞུང་ལ་དགའ་ཞེན་བྱེད་རྒྱུ་ཉམས་དམས་སུ་འགྲོ་བཞིན་པ་དང་རྒྱལ་སྤྱིའི་ནང་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་རྒྱལ་སྲུང་སློབ་གསོའི་ཁྲིམས་ལུགས་ཟེར་བ་བསྒྱུར་བཅོས་བཏང་ནས་རྒྱ་ནག་གི་སློབ་ཆུང་ནས་མགོ་འཛུགས་ཀྱིས་སློབ་མ་ཆུང་ཆུང་ཚོར་རྒྱལ་སྲུང་དང་རྒྱལ་ཞེན་གྱི་འདུ་ཤེས་མཐོར་འདེགས་གཏོང་འཆར་ཡོད་ཅིང་། ཞིས་ཅིན་པེན་གྱིས་དམག་མིའི་ཆབ་སྲིད་ཀྱི་བསམ་བློ་དང་བྱེད་སྒོ་རྣམས་སློབ་གྲྭའི་ནང་དུ་སྤོར་རྒྱུ་ནི་ཁོ་ཚོའི་སྲིད་དབང་སྲ་བརྟན་གཏོང་རྒྱུའི་ལག་ཆ་ཞིག་ཡིན་པ་དབྱེ་ཞིབ་པ་ཚོས་ངོས་འཛིན་གཅིག་མཚུངས་བྱེད་བཞིན་འདུག་མོད། ཡིན་ན་ཡང་ཁྲིམས་ལུགས་གསར་བ་དེ་ལག་བསྟར་བྱེད་པའི་རྗེས་སུ་རྒྱ་ནག་གཞུང་གིས་ཆུང་དུས་ནས་ཕྱིའི་རྒྱལ་ཁབ་ལ་དགྲར་འཛིན་གྱི་བསམ་བློ་དང་ཕྱོགས་ལྷུང་ལྟ་ཚུལ་ལྡན་པའི་རྒྱ་ནག་གི་མི་རབས་གསར་བ་ཞིག་སྐྱེད་སྲིང་བྱེད་རྒྱུ་འདི་གནད་འགག་ཅིག་ཡིན་པར་བློ་འཚབ་བསྟན་འདུག

རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། སྤྱི་ཟླ་༤་ཚེས་༢༣་ཉིན་སྐབས་༡༤་བའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཐེངས་དགུ་བ་ཞེས་པ་དེའི་སྐབས་སུ་དོན་ཚན་༣༠་ལྷག་ཡོད་པའི་རྒྱལ་སྲུང་སློབ་གསོའི་ཁྲིམས་ལུགས་བསྒྱུར་བཅོས་ཞེས་པར་གྲོས་བསྡུར་བྱས་ཡོད་འདུག

ཁྲིམས་ལུགས་བསྒྱུར་བཅོས་དེའི་ནང་དུ་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་། མཐོ་སློབ་བཅས་སློབ་གྲྭ་རྣམས་སྦྲེལ་མཐུད་ཀྱིས་རྒྱལ་སྲུང་སློབ་གསོའི་ལམ་ལུགས་ཤིག་འཛུགས་རྒྱུ་དང་། དེའི་དམིགས་ཡུལ་དང་ནང་དོན། ཐབས་ལམ་དང་བྱེད་སྒོ་སོགས་ཁ་གསབ་ལེགས་བཅོས་བྱེད་རྒྱུ་ཡིན་པ་རེད། དབྱེ་ཞིབ་པ་མང་པོ་ཞིག་གིས་གནད་དོན་འདིའི་ཐོག་ལྟ་ཚུལ་གཅིག་པ་འདོན་གྱིན་པ་སྟེ། རྒྱ་ནག་རྒྱལ་ནང་དུ་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པ་དང་རྒྱ་ནག་དམར་ཤོག་གཞུང་གི་ཆབ་སྲིད་ལམ་ལུགས་ཀྱི་རྨང་གཞི་ལ་གཡོ་འགུལ་ཐེབས་བཞིན་པ། དེའི་ཐོག་ལ་ཕྱི་ཕྱོགས་ནས་ས་ཁམས་ཆབ་སྲིད་ཀྱི་ཛ་དྲག་གི་གནས་སྟངས་འོག་དམག་འཁྲུག་སྔོན་འགོག་བྱ་དགོས་ཆགས་བཞིན་པ་རྣམས་རྒྱ་ནག་གིས་རྒྱལ་སྲུང་སློབ་གསོའི་ཁྲིམས་ལུགས་བསྒྱུར་བཅོས་བྱེད་རྒྱུའི་དགོས་མཁོ་ཆགས་ཡོད་པ་རེད།

དམག་དོན་སློབ་གསོའི་ནང་ཞུགས་མཁན་མཐོ་རིམ་སློབ་འབྲིང་གི་སློབ་མ།
དམག་དོན་སློབ་གསོའི་ནང་ཞུགས་མཁན་མཐོ་རིམ་སློབ་འབྲིང་གི་སློབ་མ།

དང་བོ། རྒྱལ་སྲུང་སློབ་གསོའི་ཁྲིམས་ལུགསབསྒྱུར་བཅོས་ཀྱིས་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ལ་དགའ་ཞེན་དགོས་པའི་སློབ་གསོ་སྤེལ་རྒྱུ་ནི་དམར་ཤོག་ཚོགས་པའི་རྨང་གཞིའི་སྲིད་དབང་ལ་གཡོ་འགུལ་བྱུང་བ་མཚོན་པ།

རཱན་ཌི (RAND)ཞེས་པའི་རྒྱལ་སྤྱིའི་རྒྱལ་སྲུང་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཧཱལ་ཐེ་(Timony Health) ཡིས་ཨ་རིའི་རླུང་འཕྲིན་ཁང་གི་དྲི་བ་ལ་གློག་འཕྲིན་རྒྱུད་ལན་འདེབས་བྱེད་སྐབས། རྒྱ་ནག་གིས་རྒྱལ་སྲུང་སློབ་གསོའི་ཁྲིམས་ལུགས་བསྒྱུར་བཅོས་གཏོང་རྒྱུ་ནི་ཞིས་ཅིན་པེན་གྱི་སྲིད་དབང་སྲ་བརྟན་གཏོང་རྒྱུའི་དམིག་ཡུལ་ཡིན་པ་རེད། ལྷག་པར་དུ་རྒྱ་ནག་ཏུ་དཔལ་འབྱོར་ཉམས་རྒུད་དང་ས་ཁང་ཁྲོམ་ར་གནས་སྟངས་ཇེ་སྡུག་ཏུ་སོང་བ། ལྐོག་ཟ་དང་ལས་བྱེད་ལམ་ལུགས་རུལ་སུངས་རྒྱུན་གནས་ཡིན་པའི་གནས་སྟངས་འདིའི་འོག་རྒྱ་ནག་གཞུང་གིས་སློབ་གསོའི་ཁྲིམས་ལུགས་བསྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་བཞིན་པ་ནི་་རྒྱ་ནག་མི་མང་གིས་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་ཤུགས་ཉམས་བཞིན་པའི་དངོས་ཡོད་གནས་ལུགས་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་འདུག

ཡང་ཐེ་ཝན་རྒྱལ་སྲུང་ལྷན་ཁང་གི་རྒྱལ་སྲུང་ཞིབ་འཇུག་ཁང་གི་འགན་འཛིན་ཧྲིན་མེན་ཧྲི་ཡིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་སྐབས་སུ་བརྗོད་དོན་བྱེད་ན། དེ་སྔོན་རྒྱ་ནག་གི་རྒྱལ་སྲུང་སློབ་གསོ་སྤེལ་ཡུལ་ནི་སློབ་ཆེན་ཁག་ཡིན། ད་ལྟ་ཁྲིམས་ལུགས་བསྒྱུར་བཅོས་བཏང་ནས་དེའི་མན་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་རྒྱལ་སྲུང་སློབ་གསོ་སྤེལ་རྒྱུའི་དམིགས་ཡུལ་གཅོ་བོ་ནི་སློབ་མ་རྣམས་ལ་རྒྱལ་ཁབ་ལ་དགའ་ཞེན་དང་དམར་ཤོག་ཚོགས་པར་དགའ་ཞེན་གྱི་བསམ་བློ་སློབ་གསོ་སྤྲོད་རྒྱུ་དེ་ཡིན་ཡང་། དེ་དང་མཉམ་དུ་རྒྱ་ནག་དམག་དོན་འགོ་ཁྲིད་དང་དམར་ཤོག་ཚོགས་པའི་འགོ་ཁྲིད། རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་པེན་སྲོག་ཤིང་འཛིན་པའི་ལྟ་བ་ཁྱབ་སྤེལ་གྱིས་གོ་གནས་བརྟན་པོ་བཟོ་རྒྱུའི་ཆེད་དུ་ཡིན་པ་རེད།

ཧྲིན་མེན་ཧྲི་ཡིས། སྤྱིར་རྒྱལ་སྲུང་སློབ་གསོ་ནི་དམག་དཔུང་གི་ཆབ་སྲིད་བསམ་བློའི་སློབ་གསོ་ཡིན་རུང་དེ་དམངས་ཁྲོད་ཀྱི་སློབ་གྲྭ་ཁག་ཏུ་སྤེལ་བ། དེ་ནས་མཐོ་སློབ་ཏུ་དམག་སྦྱོང་སྤྲོད་བཞིན་པ། རིམ་བཞིན་ད་ནི་སློབ་འབྲིང་དང་སློབ་ཆུང་དུ་ཡང་རྒྱལ་སྲུང་སློབ་གསོའི་སློབ་ཚན་བཟོ་རྒྱུ་ཡིན་པ་རེད། སློབ་ཚན་གྱི་ནང་དོན་ནི་དམག་དཔུང་གི་ཆབ་སྲིད་བསམ་བློའི་སློབ་གསོ་དང་འདྲ་བ། དམར་ཤོག་ཚོགས་པར་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་འདུ་ཤེས་སྤྲད་དེ་ཁྱེད་རང་དམར་ཤོག་ཚོགས་པའི་ངོ་གདོང་ངོ་མའི་ཚབ་མཚོན་བྱེད་དུ་འཇུག་རྒྱུ། ཞིས་ཅིན་པེན་ནི་ཇི་འདྲའི་རླབས་ཆེན་པོ་ཞིག་རེད་ཨྰང་སྙམ་པའི་བསམ་བློ་གཏོང་དུ་འཇུག་རྒྱུ་དེ་རེད་ཅེས་བརྗོད་འདུག

དེ་བཞིན་ཨ་རིའི་(The Jamestown Foundation)ཇེམ་སི་ཌུན་ཐེབས་རྩ་ཁང་གི་མཐོ་རིམ་ཞིབ་འཇུག་པ་ལིན་ཧྭ་ལིས་ཀྱིས། ཞིས་ཅིན་པེན་གྱིས་༢༠༡༢ ལོར་སྲིད་དབང་བཟུང་བ་ནས་མི་མང་གི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་རྒྱལ་སྲུང་གི་བསམ་བློ་མཐོར་འདེགས་བཏང་ཡོད། འདས་པའི་ལོ་འགའི་ནང་མའོ་ཙེ་ཏུང་གི་སྐབས་ཀྱི་མི་མང་དྲག་ཆས་དཔུང་སྡེ་རྩ་ཆེན་ལ་བརྩི་བ་བསྐྱར་གསོ་བྱེད་པ་མངོན་སུམ་དུ་མཐོང་ཐུབ། ད་ལྟའི་ཆར་ཁོས་རྒྱལ་སྲུང་སློབ་གསོ་སྤེལ་ཏེ་རྩ་བ་བརྟན་པོ་འཛུགས་རྒྱུ་དང་། དེའི་རྒྱབ་ཀྱི་བསམ་བློ་གཏོང་ཕྱོགས་ཀྱང་སྔར་བཞིན་གཅིག་མཚུངས་ཡིན་པར་བརྗོད་འདུག

འདས་པའི་ལོ་ཤས་སུ་རྒྱ་ནག་གིས་རྒྱལ་སྤྱིའི་གནས་སྟངས་རྙོག་འཛིང་ཆེན་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་བ་དང་། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་དམག་འཁྲུག་གྲ་སྒྲིག་བྱེད་དགོས་པའི་འབོད་སྐུལ་ཡང་ཡང་བྱས་ཡོད། ད་ལྟ་རྒྱལ་སྲུང་སློབ་གསོའི་ཁྲིམས་ལུགས་ལ་འགྱུར་བ་གཏོང་དགོས་ཞེས་བཤད་པ་དེས་ཕྱི་ཕྱོགས་ཀྱི་མི་མང་ལ་དམག་འཁྲུག་གྲ་སྒྲིག་བྱེད་དགོས་པའི་དོགས་པ་སྐྱེས་དགོས་པ་བཟོས་ཡོད་པ་རེད།

གཉིས་པ། ས་ཁམས་ཆབ་སྲིད་ཀྱི་གནས་སྟངས་ཉེན་ཁ་ཅན་གྱི་སྐབས་སུ། རྒྱལ་སྲུང་སློབ་གསོའི་ཁྲིམས་ལུགས་བསྒྱུར་བཅོས་གཏོང་རྒྱུ་དེ་ནི་དམག་འཁྲུག་ལ་གྲ་སྒྲིག་བྱེད་པ་ཞིག་ཡིན་ནམ།

ཐེ་ཝན་རྒྱལ་སྲུང་འཐབ་ཇུས་ཉམས་ཞིབ་ཁང་གི་སློབ་སྟོན་པ་ཁྲིན་ཝེན་ཅཱ་ཡིས། ཨ་རྒྱ་གཉིས་ཀྱི་འགྲན་རྩོད་ཇེ་ཆེར་སོང་བ་དང་ས་ཁུལ་དཀའ་རྙོག དཔེར་ན་ཨུ་ཡུཀ་དམག་འཁྲུག་དང་། ཨི་སི་རེལ་དང་ཧ་མ་སི་བར་གྱི་འཐབ་འཁྲུག ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་རྙོག ཐེ་ཝན་མཚོ་འགག་ནས་ཤར་རྒྱ་ནག་རྒྱལ་མཚོའི་བར་གྱི་ཛ་དྲག་གི་གནས་བབ་བཅས་ཕྱོགས་ཡོངས་ནས་རྒྱ་ནག་གིས་རང་གི་མི་མང་ཡོངས་ལ་རྒྱལ་སྲུང་གི་འདུ་ཤེས་དང་རྒྱལ་སྲུང་གི་ནུས་པ་དགོས་མཁོ་ཆེ་བ་ཚོར་ཡོད་ཅེས་བརྗོད་འདུག་ལ། ཡང་་ཁྲིན་ཝེན་ཅཱ་ཡིས་མུ་མཐུད་ནས་བརྗོད་དོན་ལྟར་ན། རྒྱལ་སྲུང་སློབ་གསོ་ནི་རྒྱལ་ཁབ་ཀྱི་ནུས་ཤུགས་དང་མི་རིགས་ཀྱི་རིང་ལུགས་ཤུགས་ཆེར་གཏོང་རྒྱུའི་ལག་ཆར་བེད་སྤྱོད་གཏོང་བཞིན་པ་དང་། ལྷག་པར་དུ་ཞིས་ཅིན་པེན་གྱིས་འཛམ་གླིང་འདིར་ལོ་བརྒྱ་ཕྲག་གཅིག་གི་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་ཞིག་གི་ནང་དུ་ལྷུང་དུ་བཅུག་པར་ངོས་འཛིན་བྱེད་བཞིནའདུག དེ་ནི་རྒྱལ་སྤྱིའི་སྟོབས་ཤུགས་ལ་ཁ་གཏད་བཅག་ཏེ་རྒྱ་ནག་གི་སྒྲོམ་གཞིའི་ལ་བསྒྱུར་བཅོས་གཏོང་རྒྱུའི་ཐབས་ལམ་སྤྱད་དེ། རྒྱ་ནག་གཞུང་གིས་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་གཏོང་བར་མི་མང་གི་རྒྱལ་སྲུང་སློབ་གསོ་གོང་མཐོར་གཏོང་དགོས་པར་ངོས་འཛིན་ཡོང་ཐབས་ཞུ་བཞིན་པ་རེད།

ཇེམ་སི་ཌུན་ཐེབས་རྩ་ཁང་གི་མཐོ་རིམ་ཞིབ་འཇུག་པ་ལིན་ཧྭ་ལི་ཡིས་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་སྲུང་སློབ་གསོ་བསྒྱུར་བཅོས་གཏོང་དོན་གཙོ་བོ་ནི་དམག་འཁྲུག་ལ་གྲ་སྒྲིག་བྱེད་ཀྱིན་ཡོད་ཀྱང་། ཡང་སློབ་ཕྲུག་ཚོ་དམག་སར་གཏོང་རྒྱུའི་ངེས་པ་མེད་པར། དམག་འཁྲུག་སྐབས་སུ་སློབ་ཕྲུག་ཚོས་སྤྱི་ཚོགས་ཀྱི་སྒྲོམ་གཞི་བརྟན་སྲུང་བྱེད་པར་བེད་སྤྱོད་གཏོང་རྒྱུ་དེ་རྩ་བའི་དམིགས་ཡུལ་ལ་ཡིན་པ་ཚོད་དཔག་བྱེད་བཞིན་ཌྷདུག ཡང་རྒྱ་ནག་གིས་སྤྱི་ལོ་༢༠༢༧་ལོའི་རྗེས་སུ་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པར་ཚོད་དཔག་བྱེད་བཞིན་པ་ལས་དེ་ནི་ཞིས་ཅིན་པེན་གྱི་ལས་ཡུན་གསུམ་པའི་ལོ་མཐའ་མའི་སྐབས་སུ་འཁེལ་ཡོད་མོད། འོན་ཀྱང་། ཐེ་ཝན་གྱི་གནད་དོན་སེལ་རྒྱུ་ཡིན་ཞེས་ཁ་གཡར་ནས་ཞིས་ཅིན་པེན་ལས་ཡུན་བཞི་བ་བསྡད་དེ་སྤྱི་ལོ་༢༠༣༢་བར་དུ་རྒྱ་ནག་གི་འགོ་ཁྲིད་དུ་སྡོད་ངེས་པ་རེད།

ཡང་ལིན་ཧྭ་ལི་ཡིས་བརྗོད་ན་ཞིས་ཅིན་པེན་གྱིས་ཐེ་ཝན་ལ་བཙན་འཛུལ་བྱེད་དེ་རྒྱལ་ཁ་མ་ཐོབ་པ་ཡིན་ན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཁ་འཕྲད་རྒྱུ་ཡིན་པ་དང་རྒྱ་ནག་རྒྱལ་ཡོངས་སུ་བཀག་སྡོམ་ཆེན་པོ་ཞིག་ཡོང་ངེས་པ་ཡང་ཚོད་དཔག་བྱེད་ཐུབ་པ་རེད། ཁོས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་བྱེད་ན། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་མུ་མཐུད་ནས་གནོན་ཤུགས་སྤྲད་པ་ཡིན་ན། རྒྱ་ནག་མི་མང་དཀྱུས་མའི་འཚོ་བ་མུ་མཐུད་ནས་ཇེ་སྡུག་ལ་འགྲོ་ངེས་པ་དང་། དེར་བརྟེན་རྒྱལ་ཁབ་སྲུང་སྐྱོབ་ཀྱི་སློབ་གསོའི་ཁྲིམས་ལུགས་འདི་ནི་འདིའི་ཆེད་དུ་གྲ་སྒྲིག་བྱེད་པ་ཞིག་ཡིན་པ་རེད།

ད་ལྟའི་རྒྱ་ནག་གི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་སློབ་གསོའི་ཁྲིམས་་ནི་སྤྱི་ལོ་༢༠༠༡་ལོའི་སྐབས་དགུ་བའི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐེངས་༢༡་གི་ཐོག་ལ་གཏན་འབེབས་བྱས་པ་དང་། དེའི་ནང་དུ་སློབ་མར་དམག་སྦྱོང་གི་ཆ་རྐྱེན་དེ་ལྷོད་ཡངས་ཡིན་པ་རེད་ལ། སྤྱི་ལོ་༢༠༡༨་ལོར་ཁྲིམས་གཞན་པ་དང་མཉམ་དུ་བསྐྱར་བཅོས་ཆུང་ཆུང་ཞིག་བྱས་མྱོང་བ་རེད།

གསུམ་པ། རྒྱལ་སྲུང་སློབ་གསོའི་ཁྲིམས་ལུགས་ཀྱིས་མི་རིགས་རིང་ལུགས་ཀྱི་འདུ་ཤེས་མཐོར་འདེགས་གཏོང་འདོད་པ་དང། མི་རབས་གསར་བ་ཕྱི་དགྲའི་རྗེས་སུ་འབྲང་སྲིད་པར་བློ་འཚབ་ཡོང་བཞིན་པ།

རྒྱལ་སྲུང་སློབ་གསོའི་ཁྲིམས་ཡིག་བསྒྱུར་བཅོས་དེའི་ནང་དུ་སློབ་ཆུང་ནས་བཟུང་རྒྱལ་སྲུང་སློབ་གསོ་སློབ་ཚན་དུ་བཅུག་སྟེ། སློབ་ཆུང་སློབ་མ་ཚོར་རྒྱལ་སྲུང་གི་འདུ་ཤེས་སློང་བ་དང་སློབ་འབྲིང་ཁག་ཏུ་དམག་སྦྱོང་རྩ་འཛུགས་བྱེད་པ། མཐོ་འབྲིང་སྐབས་སུ་ངེས་པར་དུ་དམག་སྦྱོང་དངོས་ཀྱི་རྨང་གཞི་འཛིན་གྲྭ་ལེན་དགོས་པ་སོགས་འདུག ཡང་ཐེ་ཝན་རྒྱལ་སྲུང་འཐབ་ཇུས་ཉམས་ཞིབ་ཁང་གི་སློབ་སྟོན་པ་ཁྲིན་ཝེན་ཅཱ་ཡིས། རྒྱ་ནག་གཞུང་གིས་ད་ནས་བཟུང་སློབ་འབྲིང་སློབ་མའི་སློབ་ཚན་དུ་གོ་མཚོན་གྱི་ཤེས་བྱ་དང་མཚོན་ཆ་བེད་སྤྱོད་གཏོང་སྟངས་བསླབ་པ་དང་། ཕར་རྒོལ་དང་རང་སྲུང་ལ་སོགས་པའི་དམག་འཐབ་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་རྒྱུ་ཡིན་པ་རེད། དེ་ལས་ཀྱང་དོ་སྣང་བྱེད་རིན་ཡོད་པ་ཞིག་ནི་ཁྲིམས་ལུགས་བསྒྱུར་བཅོས་འདིའི་དམིགས་ཡུལ་ནི་སློབ་ཆུང་སློབ་མ་ཚོར་རྒྱལ་སྲུང་གི་འདུ་ཤེས་ལྡན་པ་གཏོང་རྒྱུ་དེ་དམིགས་ཡུལ་གཅིག་ཡིན་རུང་། དེ་ལས་ཀྱང་ད་དུང་ཕུགས་རྒྱང་རིང་བའི་དམིགས་ཡུལ་ཞིག་ནི་མི་རིགས་རིང་ལུགས་ཀྱི་བསམ་བློ་གོང་མཐོར་གཏོང་རྒྱུ་ནི་ཕྱི་རྒྱལ་གྱི་གནོན་ཤུགས་ལ་འགོག་ལན་སྤྲོད་རྒྱུར་གྲ་སྒྲིག་ཞུ་བཞིན་པ་རེད།

ཐེ་ཝན་རྒྱལ་སྲུང་འཐབ་ཇུས་ཉམས་ཞིབ་ཁང་གི་སློབ་སྟོན་པ་ཁྲིན་ཝེན་ཅཱ་ཡིས་ཨ་རིའི་རླུང་འཕྲིན་ཁང་ལ། རྒྱལ་སྲུང་སློབ་གསོའི་ཁྲིམས་ལུགས་ཞེས་པ་དེ་ཡིས་མི་རིགས་རང་ལུགས་ཀྱི་འདུ་ཤེས་མཐོར་འདེགས་ཀྱིས་ཕྱི་ཕྱོགས་དགྲ་ལ་བརྩི་བའི་ཕྱོགས་ལྷུང་གི་བསམ་བློ་ལྡན་པའི་མི་རབས་ཤིག་སྐྱེད་སྲིངས་བྱ་རྒྱུ་ཁོ་ན་མ་ཡིན་པར། རྒྱལ་སྲུང་སློབ་གསོ་དེ་ཡིས་ཕྱོགས་གཞན་ཞིག་ནས་དམག་སྦྱོང་གི་རྩ་བ་ནི་སྒྲིག་ལམ་སྲུང་རྒྱུ་དང་ཅི་གསུང་བཀའ་སྒྲུབ་དང་། དབང་ཆའི་བཀའ་བཀོད་ལ་དང་ལེན་བྱེད་རྒྱུ་དེ་ཡིན་པས། མི་སྒེར་གྱི་རྣམ་དཔྱོད་དང་གསར་གཏོད་བོར་བའི་མི་རབས་ཤིག་སྐྱེད་སྲིང་བྱ་འཆར་ཡོད་པ་རེད།

ལོ་ཁ་ཤས་སྔོན་ནས་དམར་དམག་གི་སློབ་གསོ་ཞེས་པས་སློབ་གྲྭ་ཁག་གི་ནང་དུ་དེ་ལྟ་བུའི་བསམ་བློའི་མྱུ་གུ་འབུས་འགོ་ཚུགས་པ་དང་། ད་ལྟ་ཁྲིམས་ལུགས་བསྒྱུར་བཅོས་ཀྱིས་རྒྱལ་སྲུང་སློབ་གསོ་སློབ་ཚན་དུ་བཅུག་པ་ཡིན་ན་རྒྱུགས་སྤྲོད་སློབ་ཚན་དུ་ཚུད་རྒྱུ་དང་། དེ་ཡིས་རྒྱ་ནག་གི་མི་རབས་གསར་བའི་བསམ་བློ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་རེད།

སྤྱི་ལོ་༢༠༢༢་ལོར་རྒྱ་ནག་གཞུང་གིས་དུས་རབས་གསར་བའི་མི་མང་ཡོངས་ཀྱིས་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་དང་བསྐྱར་བཅོས་ཀྱི་བསམ་འཆར་ཞེས་པ་ཞིག་དཔར་འགྲེམས་ཀྱིས་ཡིག་ཆ་དེའི་ནང་དུ་རྒྱལ་སྲུང་སློབ་གསོའི་ཐབས་ལམ་དེ་སློབ་གྲྭ་ཁག་གི་སློབ་ཚན་དུ་བཀོད་དེ་ལག་བསྟར་བྱེད་དགོས་པ་དང་། སློབ་འབྲིང་དང་མཐོ་འབྲིང་གི་ཡིག་རྒྱུགས་ནང་དོན་དུ་ཚུད་དགོས་པ། སློབ་གྲྭར་འཛུལ་བའི་གྲུབ་འབྲས་ཀྱི་དཔྱད་གཞིའི་ནང་ལ་བཀོད་པ་བཅས་ལམ་ལུགས་ལག་བསྟར་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག

བཞི་བ། བཅིངས་འགྲོལ་དམག་གིས་གོ་མཚོན་གསར་བསྡུ་བྱེད་བཞིན་པ།

རྒྱལ་སྲུང་སློབ་གསོ་ཡིས་བཅིངས་འགྲོལ་དམག་གི་རྣམ་པ་ལེགས་སྒྱུར་བྱེད་རྒྱུར་ཕན་ཐོགས་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་དམག་མི་བསྡུ་རུབ་བྱ་རྒྱུར་གྲུབ་འབྲས་ཐོན་མེད་པའི་དམག་སྡེ་ཁག་གི་ངོས་ནས་བཤད་ན། སློབ་ཚན་འདི་ལ་བརྟེན་ནས་ལོ་ན་གཞོན་པའི་དམག་མི་ཚོ་དམག་ལ་ཞུགས་འདོད་ཀྱི་འདུན་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

ཐེ་ཝན་རྒྱལ་སྲུང་འཐབ་ཇུས་ཉམས་ཞིབ་ཁང་གི་སློབ་སྟོན་པ་ཁྲིན་ཝེན་ཅཱ་ཡིས་བརྗོད་ན། རྒྱལ་སྲུང་སློབ་གསོ་དང་གསར་འགྱུར་རྒྱུད་ལམ་ཁག་ནས་དམག་མིའི་ལས་དོན་གྱི་གཟི་བརྗིད་དང་དཔའ་ངར། བློས་གཏོང་གི་བསམ་བློ། དམག་ཁོངས་སུ་ཞུགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཞབས་འདེགས་ཞུ་ཐུབ་པ་བཅས་ཀྱི་གལ་གནད་སྐོར་དྲིལ་བསྒྲགས་བྱེད་དེ་གཞོན་སྐྱེས་ཚོར་དམག་དོན་ལས་རིགས་སུ་ཞུགས་རྒྱུར་སྐུལ་སློང་ཐེབས་རྒྱུ་ཡིན་འདུག་ལ། སློབ་གྲྭ་ཁག་ཏུ་སྤེལ་བའི་རྒྱལ་སྲུང་སློབ་གསོའི་ནང་དུ་དམག་དོན་གྱི་སྦྱོང་བརྡར་དང་དམག་དོན་གྱི་བྱེད་སྒོ་ལ་འབྲེལ་བའི་གྲུབ་ཆ་མང་པོ་ཞིག་བསྣན་ན། སློབ་ཕྲུག་ཚོར་ཆུང་དུས་ནས་དམག་མིའི་འཚོ་བ་ལ་སྤྲོ་སྣང་དང་མཚར་སྣང་འདྲེན་རྒྱུ་ཡིན་པ་རེད།

ཡང་ཁྲིན་ཝེན་ཅཱ་ཡིས་བརྗོད་ན་རྒྱལ་སྲུང་སློབ་གསོའི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་བསམ་བློ་གསར་གཏོད་བྱ་རྒྱུ་དང་། དམག་ཁོངས་སུ་ཞུགས་པ་ནི་མི་སེར་གྱི་ལས་འགན་སྒྲུབ་པ་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་རྣམ་འགྱུར་སྟོན་རྒྱུ་ཡིན་པར་ཤུགས་སྣོན་རྒྱག་རྒྱུ། དམག་མི་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ཡར་རྒྱས་གཏོང་རྒྱུ་བཅས་ཀྱིས་བཅིངས་གྲོལ་དམག་ལ་འཇོན་ཐང་ལྡན་པའི་མི་སྣ་བསྡུ་རུབ་བྱ་རྒྱུར་ཕུགས་རྒྱང་རིང་བོའི་ཕན་ཐོགས་ཡོང་སྲིད་པ་རེད།

རཱན་ཌི (RAND)ཞེས་པའི་རྒྱལ་སྤྱིའི་རྒྱལ་སྲུང་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཧཱལ་ཐེ་(Timony Health) ཡིས་ཀྱང་། སློབ་གསོའི་བསྒྱུར་བཅོས་འདིའི་དམིགས་ཡུལ་གྱི་ཆ་ཤས་སུ་བཅིངས་འགྲོལ་དམག་འབོར་ཇེ་མང་དུ་གཏོང་རྒྱུ་དེ་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་གཞོན་སྐྱེས་ལས་ཤོར་གྱི་ཚད་མཐོན་པོ་ཡིན་ཡང་། བཅིངས་འགྲོལ་དམག་གིས་ཤེས་ཡོན་ཐོབ་པའི་གཞོན་སྐྱེས་མང་པོ་དམག་ཁོང་སུ་ཞུགས་རྒྱུའི་མདུན་པ་འདྲེན་ངེས་པ་རེད།

གླེང་སྟེགས།

XS
SM
MD
LG