ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

པ་ལི་སི་ཐན་གྱི་ཧ་མ་སི་དང་ཧྥ་ཐ་ཤོག་ཁག་གི་ཞི་འགྲིག་གྲོས་མོལ།


རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཨའེ་དང་པ་ལི་སི་ཐན་ཕྱི་སྲིད་བློན་ཆེན་རེ་ཡད་ཨལ་མ་ལི་
རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཨའེ་དང་པ་ལི་སི་ཐན་ཕྱི་སྲིད་བློན་ཆེན་རེ་ཡད་ཨལ་མ་ལི་

༄༅།། པ་ལི་སི་ཐན་གྱི་ཧ་མ་སི་དང་ཧྥ་ཐ་ཤོག་ཁག་གི་སྐུ་ཚབ་ཚོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འདུས་ནས་ཞི་འགྲིག་བྱ་རྒྱུའི་འདུན་པ་ཡོད་ཅེས་གྲོས་མཐུན་བྱུང་། ༢༠༠༧་ནས་ཧ་མ་སི་ཤོག་ཁག་གིས་གྷ་ཟ་ཐང་གཤོང་ལ་དབང་བསྒྱུར་བྱས་པ་དང་ཧྥ་ཐ་ཤོག་ཁག་གིས་ནུབ་འགྲམ་ལ་དབང་བསྒྱུར་བྱས་ནས་པ་ལི་སི་ཐན་གྱི་ཤོག་ཁག་དེ་དག་གི་འགལ་ཟླ་འདུམ་མ་ཐུབ་པར་ལུས། ཕྱི་ཟླ་༤་པའི་ཚེས་༣༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་ཐ་ཞེས་པ་ནི་པ་ལི་སི་ཐན་བཅིངས་འགྲོལ་ལས་འགུལ་ཚོགས་པའི་བསྡུས་མིང་ཡིན་ཞིང་། ཚོགས་པ་དེ་པ་ལི་སི་ཐན་གྱི་འགོ་ཁྲིད་འདས་པོ་ཡ་ས་ཨ་ར་ཧྥ་ཐེས་བཙུགས། ཧ་མ་སི་ཞེས་པ་ནི་ཁ་ཆེའི་བཙན་རྒོལ་ཚོགས་པ་ཞེས་པའི་བསྡུས་མིང་ཡིན་པ་དང་ཚོགས་པ་དེ་ཤཱེག་ཡ་སིན་གྱིས་བཙུགས། ཟླ་ཤས་གོང་ནས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་དམག་འཁྲུག་ལངས་ཡོད་པས་པ་ལི་སི་ཐན་གྱི་ཤོག་ཁག་དེ་དག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས། པ་ལི་སི་ཐན་བ་ཚོར་གཅིག་གྱུར་གྱི་སྲིད་གཞུང་ཞིག་འཛུགས་དགོས་ཞེས་རྒྱལ་སྤྱིའི་ཐོག་ཏུ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅན་
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅན་

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅན་གྱིས་ཉིན་ཤས་གོང་དུ་པ་ལི་སི་ཐན་གྱི་ཧྥ་ཐ་དང་ཧ་མ་སི་ཤོག་ཁག་གི་སྐུ་ཚབ་ཚོ་པེ་ཅིང་དུ་འབྱོར་ཏེ་གྲོས་མོལ་ལྷུག་པོ་བྱུང་ཡོད་ཅིང་། ཁོ་ཚོས་གྲོས་མོལ་རྒྱུན་འཁྱོངས་བྱ་རྒྱུ་དང་པ་ལི་སི་ཐན་གྱི་ཤོག་ཁག་དེ་རྣམས་སྔ་ཙམ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་ཕུགས་བསམ་མངོན་དུ་འགྱུར་ཐབས་བྱེད་ཀྱི་ཡིན། རྒྱ་ནག་གིས་པ་ལི་སི་ཐན་གྱི་ཤོག་ཁག་དེ་ཚོར་བར་འདུམ་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཟེར་གྱི་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། དེ་བཞིན་ཧ་མ་སི་ཤོག་ཁག་གིས་ཀྱང་རྒྱ་ནག་གཞུང་ནས་པ་ལི་སི་ཐན་གྱི་ཤོག་ཁག་གཉིས་ལ་འདུམ་འགྲིག་དང་པ་ལི་སི་ཐན་གྱི་རྩ་དོན་ལ་རྒྱབ་སྐྱོར། ང་ཚོའི་མི་དམངས་རྩ་མེད་གཏོང་གི་ཡོད་པར་ངོ་རྒོལ་གྱི་ལངས་ཕྱོགས་བཟུང་བ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱབ་སྐྱོར་ཞིག་རེད་ཅེས་རྒྱ་ནག་གི་བར་འདུམ་ལ་བསྔགས་བརྗོད་ཀྱི་གསལ་བསྒྲགས་སྤེལ། ཧྥ་ཐ་ཤོག་ཁག་གིས་པ་ལི་སི་ཐན་བ་ཚོའི་ནང་ཁུལ་གྱི་འགལ་ཟླ་རྣམས་སེལ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༤་པའི་ཚེས་༣༠་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༠༦་ལོར་པ་ལི་སི་ཐན་ལ་འོས་འདེམས་བྱས་ནས་ཧ་མ་སི་ཤོག་ཁག་ལ་གྲོས་ཚོགས་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ། པ་ལི་སི་ཐན་གྱི་སྲིད་འཛིན་ཨ་བྷ་སི་སྟེ། ཧྥ་ཐ་ཤོག་ཁག་གི་འགོ་ཁྲིད་ཚོས་ཨི་སི་རལ་ངོས་ལེན་དང་ཞི་བའི་གྲོས་མཐུན་བཞག ཧ་མ་སི་ཤོག་ཁག་གི་སྲིད་བློན་ཨི་ཤཱི་མེལ་ཧ་ཎི་ཡེ་སྲིད་གཞུང་གི་འགོ་ཁྲིད་བྱ་རྒྱུར་མ་འཐད། དེའི་རྒྱུ་མཚན་ནི་སྲིད་འཛིན་ཨ་བྷ་སིས་འགོ་ཁྲིད་པའི་ཧྥ་ཐ་ཤོག་ཁག་གིས་ཨི་སི་རལ་ངོས་ལེན་བྱས་པས་ཡིན་འདུག ཧ་མ་སི་དང་ཧྥ་ཐ་གཉིས་གཅིག་སྒྲིལ་གྱི་སྲིད་གཞུང་འཛུགས་རྒྱུ་དང་ཧྥ་ཐ་ཤོག་ཁག་གིས་ཞི་བའི་གྲོས་མཐུན་བཞག་པ་ཁག་ལ་ཁས་ལེན་བྱ་རྒྱུའི་གྲོས་མཐུན་བྱུང་ཡང་ཨི་སི་རལ་ཁས་མ་བླངས། དེར་བརྟེན་ཨ་རི་དང་ཨི་སི་རལ་གཉིས་ཀས་པ་ལི་སི་ཐན་གྱི་གཅིག་སྒྲིལ་སྲིད་གཞུང་དེ་ངོས་ལེན་མ་བྱས་པར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཅད།།

ཧ་མ་སི་ཤོག་ཁག་གི་སྲིད་བློན་ཨི་ཤཱི་མེལ་ཧ་ཎི་ཡེ་དང་པ་ལི་སི་ཐན་གྱི་སྲིད་འཛིན་ཨ་བྷ་སི་
ཧ་མ་སི་ཤོག་ཁག་གི་སྲིད་བློན་ཨི་ཤཱི་མེལ་ཧ་ཎི་ཡེ་དང་པ་ལི་སི་ཐན་གྱི་སྲིད་འཛིན་ཨ་བྷ་སི་

ད་དུང་ཡང་ཧ་མ་སི་ཤོག་ཁག་གི་རྩ་འཛིན་སྒྲིག་གཞིའི་ནང་དུ་ཨི་སི་རལ་རྩ་མེད་གཏོང་དགོས་ཞེས་འཁོད། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཧ་མ་སི་ཤོག་ཁག་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱས། གྲང་དམག་དུས་ནས་རྒྱ་ནག་གིས་པ་ལི་སི་ཐན་ལ་རྒྱབ་སྐྱོར་གྱི་ཕྱོགས་བཟུང་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨི་སི་རལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ཁ་གཏད་བཅག ཨ་རིའི་སྲིད་འཛིན་ཁེ་ལིན་ཊོན་གྱི་དུས་ནས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཞི་བའི་གྲོས་མོལ་ཁག་ལ་བར་འདུམ་བྱ་རྒྱུ་མགོ་བརྩམས། དཀྱིལ་ཤར་ས་ཁུལ་དུ་ཨི་སི་རལ་དང་པ་ལི་སི་ཐན་ཞེས་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་དགོས་པའི་འཆར་གཞི་བཏོན། ཨི་སི་རལ་གྱི་དམག་དཔུང་གྷ་ཟ་དང་ནུབ་འགྲམ་ནས་ཕྱིར་འཐེན་བྱས་ཏེ་པ་ལི་སི་ཐན་བ་ཚོར་རང་སྐྱོང་སྤྲད། རིམ་བཞིན་པ་ལི་སི་ཐན་ལ་རང་བཙན་རྒྱལ་ཁབ་འཛུགས་ཆོག་པའི་གྲོས་མཐུན་བཞག་ཀྱང་ཨི་སི་རལ་གྱི་འཇིའུ་མཐའ་ལྷུང་རིང་ལུགས་པ་དང་པ་ལི་སི་ཐན་གྱི་མཐའ་ལྷུག་རིང་ལུགས་པ་ཚོས་ཞི་བའི་གྲོས་མཐུན་ཁག་ལ་ལམ་ལྷོངས་ཡོང་དུ་མ་བཅུག་པར་འགལ་རྐྱེན་བསླངས།།

ཕྱི་ཟླ་༤་པའི་ཚེས་༣༠་ཉིན་ཨི་སི་རལ་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་སྔོན་མར་ཨུ་སུ་རུའི་གཞུང་གིས་པ་ལི་སི་ཐན་གྱི་ཧ་མ་སི་དང་ཧྥ་ཐ་ཤོག་ཁག་གི་སྐུ་ཚབ་ཚོ་མོ་སི་ཀོར་མགྲོན་འབོད་བྱས་ནས་བར་འདུམ་གྲོས་མོལ་ཚུགས། ད་ལྟ་རྒྱ་ནག་གིས་པ་ལི་སི་ཐན་གྱི་ཤོག་ཁག་དེ་ཚོར་བར་འདུམ་དང་གྲོས་མོལ་བྱེད་དུ་འཇུག་གི་ཡོད་པ་ནི་ཨ་རི་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨི་སི་རལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་དྲགས་པར་ཐུག་འདུག་ཅེས་བསྟན། ཨ་མི་རི་ཀས་གྷ་ཟའི་འཐབ་འཁྲུག་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་མཉམ་འབྲེལ་རྒྱལ་ཚོགས་སུ་གྲོས་ཆོད་ཟིན་བྲིས་བཀྲམ་ཡང་རྒྱ་ནག་དང་ཨུ་རུ་སུས་བཀག ཞིས་ཅིན་ཕིང་གིས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་འཐབ་འཁྲུག་མཚམས་འཇོག་ཐུབ་པར་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་འཚོགས་དགོས་ཟེར། དེང་སྐབས་ཁ་ཊར་དང་ཨི་ཇེབ་སོགས་ཀྱིས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གིས་དམག་འཁྲུག་མཚམས་འཇོག་དང་མི་གཏའ་བཙན་ཉར་བྱས་ཡོད་པ་རྣམས་གློད་གྲོལ་གཏོང་དགོས་པའི་གྲོས་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོས་སྐམ་མཚོ་གནམ་གསུམ་ནས་གློ་བུར་དུ་ཨི་སི་རལ་ལ་འཇབ་རྒོལ་བྱས་ནས་མི་༡༢༠༠་བསད་པ་དང་མི་༢༠༠་ཡས་མས་བཙན་ཁྲིད་བྱས་ཏེ་དམག་འཁྲུག་ལངས། འདས་པའི་ཟླ་བ་༨་ཡས་མས་ཤིག་གི་རིང་ཨི་སི་རལ་གྱིས་གྷ་ཟ་ཐང་གཤོངས་སུ་དཔུང་འཇུག་བྱས་ནས་པ་ལི་སི་ཐན་བ་༣༤༥༠༠ལྷག་བསད། གྷ་ཟའི་ས་གནས་ཡོངས་སུ་བཟའ་བཏུང་དང་སྨན་སོགས་ཆད་ནས་པ་ལི་སི་ཐན་བ་ཚོས་མུ་གེ་དང་ནད་མནར། ཨི་རི་སལ་གྱི་རྒོལ་རྡུང་མྱངས། འཛམ་གླིང་ཡོངས་སུ་ཨི་སི་རལ་གྱིས་པ་ལི་སི་ཐན་བ་རྣམས་རྩ་མེད་གཏོང་གི་འདུག་ཅེས་ངོ་རྒོལ་ལས་འགུལ་སྤེལ། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་འགྲོ་བ་མི་ལ་གནོད་འཚེ་བྱས་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱ་དགོས་ཞེས་བཅད་ཁྲ་བསྒྲག་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཨི་སི་རལ་གྱིས་པ་ལི་སི་ཐན་བ་རྣམས་རྩ་མེད་གཏོང་གི་མེད་ཅེས་སྐྱོན་འཛུགས་དེར་ངོས་ལེན་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG